རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༸གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ།

དོལ་ཚོགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་པར། བཀའ་གདམས་གསར་མའི་ཚོགས་མི་ཟུར་པ་རྣམས་ཀྱིས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་དོན་བསྐྱར་ཞིབ་ཐོག་སྙིང་བསྡུས་ཟུར་འདོན་ཞུས་པ།
༄༅། །དེང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་ངོ་རྒོལ་སྐད་འབོད་དང་མཚན་སྨད་ཞུ་བཞིན་པ་སོགས་གཏི་ཐུག་གི་བྱ་ངན་སྤེལ་བཞིན་པར་དེ་སྔ་བཀའ་གདམས་གསར་མའི་ཚོགས་མི་ཡིན་པ་དང་དོལ་རྒྱལ་བསྟེན་གསོལ་བྱེད་མྱོང་མཁན་རྣམས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༦ ཉིན་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བའི་ནང་འཁོད་དོན།


ང་ཚོ་གཤམ་འཁོད་མིང་ཅན་པ་ཚོས་དེ་སྔ་བཀའ་གདམས་གསར་མའི་ཚོགས་མི་བྱས་ཏེ་དོལ་རྒྱལ་བསྟེན་གསོལ་བྱེད་མྱོང་ཡོད། འོན་ཀྱང་སྐབས་གཅིག་ལ་ང་ཚོ་དང་ཚོགས་མི་གཅིག་པ་ཡིན་པ་དོལ་རྒྱལ་སྟེན་མཁན་གྲྭ་པ་ཁག་གཅིག་གིས་དེང་སྐབས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་ཀྱིས་མཚན་སྨད་ཞུ་བ་མཐོང་སྐབས་སེམས་འཚབ་དང་བློ་ཕམ་ཧ་ཅང་སྐྱེས་བྱུང་།
བཀའ་གདམས་གསར་མའི་བྱེད་གཏེ་སྐལ་བཟང་རྒྱ་མཚོས་མགོ་ཁྲིད་འོག་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བའམ། ཡང་ན་ཉེ་ལམ་གསར་བཙུགས་བྱས་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་བདེན་པར་འཁྱོག་བཤད་བྱས་ནས་ངོ་རྒོལ་བྱེད་བཞིན་ཡོད་སྟབས། ད་ཆ་ང་ཚོས་ཁོ་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱ་རྒྱུའི་དུས་ལ་བབ་པར་ཡིད་ཆེས་བྱེད་བཞིན་ཡོད།
༡༽བཀའ་གདམས་གསར་མ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཞལ་རྫུན་གསུང་མཁན་ཞིག་རེད། ཅེས་སྐྱོན་བརྗོད་བྱས་ཡོད། དོན་དངོས་ཐོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་གྱི་རྒྱུ་དང་། ངོ་བོ། བྱེད་ལས། འབྲས་བུའི་ཁྱད་པར་སོགས་ལ་བརྟེན་ནས་༸གོང་ས་མཆོག་གི་སྐུ་ཕྱྭ་དང་། བོད་མི་མང་ཚོགས། དེ་བཞིན་བོད་དོན་འཐབ་རྩོད་བཅས་ལ་གནོད་གཞིར་ངོས་འཛིན་མཛད་བཞིན་ཡོད་པར་བརྟེན། བཞེངས་ཕྱོགས་དེ་ནི་སྐལ་བཟང་རྒྱ་མཚོ་དང་བཀའ་གདམས་གསར་མས་དོལ་རྒྱལ་ཐོག་ངོས་འཛིན་བྱེད་སྟངས་དང་མི་མཐུན་པ་ཆགས་ཡོད། དགོངས་བཞེད་མི་མཐུན་པ་འཛིན་པ་ཙམ་གྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཞལ་རྫུན་གསུངས་པའི་ཁྱབ་པ་ག་ལ་ཡོད།
༢༽ བཀའ་གདམས་གསར་མ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མཛད་པར་བརྟེན་རང་གི་བླ་མ་དང་དམ་ཚིག་ཉམས་ཡོད། ཅེས་བསྙད་འདོགས་བྱེད་བཞིན་ཡོད།
ཡོངས་འཛིན་སྐུ་བགྲེས་གླིང་རིན་པོ་ཆེ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བྱས་ན་རྙོག་གྲ་ཞིག་ཡོད་པར་ཡིད་ཆེས་གནང་བཞིན་ཡོད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་སྐོར་སྔ་ཕྱི་བར་གསུམ་དུ་ལོ་རྒྱུས་ཀྱི་བྱུང་རིམ་ལ་དཔྱད་པ་མཐིལ་ཕྱིན་མཛད་རྗེས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་དེས་དུས་རྟག་ཏུ་གྲུབ་མཐའ་ཕན་ཚུན་དབར་འཐེན་འཁྱེར་བཟོ་བཞིན་ཡོད་པར་གཟིགས་རྗེས། མགོན་པོ་གང་ཉིད་མཆོག་གིས་ཡོངས་འཛིན་སྐུ་གཞོན་ཁྲི་བྱང་རྡོ་རྗེ་འཆང་མཆོག་ལ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མཛད་རྒྱུའི་དགོས་པ་རྒྱུ་མཚན་སོགས་ཞིབ་ཕྲ་སྙན་སེང་ཞུས་པ་དང་སྦྲགས། རང་གཞན་ཀུན་ལ་སྤང་བླང་འཇུག་ལྡོག་གི་ལམ་སྟོན་མཛད་རྒྱུ་མགོན་པོ་གང་ཉིད་མཆོག་གི་ཐུགས་འགན་ཡིན་སྐོར་སྙན་སེང་ཞུས་ཡོད། ཆོས་བརྒྱུད་གཞན་གྱི་བླ་མ་གོང་མ་ཚོས་ཀྱང་བརྟག་དཔྱད་གནང་མཐར་དོལ་རྒྱལ་ལ་དམ་བསྒྲགས་གནང་ཡོད། དམ་བསྒྲགས་གནང་བ་དེ་དག་རྒྱལ་བའི་བཀའ་དང་བླ་མ་གོང་མ་ཚོའི་ཕྱག་བཞེས་དང་ཡོངས་སུ་མཐུན་པ་ཞིག་ཆགས་ཡོད།
༣༽སྐལ་བཟང་རྒྱ་མཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུར་དམ་བསྒྲགས་མཛད་པ་དེས་རྗེ་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་པའི་རི་བོ་དགེ་ལུགས་པའི་བསྟན་བདག་སྐྱེས་ཆེན་གོང་མ་རིམ་བྱོན་རྣམས་ཀྱི་བཀའ་རྣམས་རྒྱབ་སྐྱུར་མཛད་པ་ཞིག་ཡིན་ཚུལ་སྙོན་བཞིན་ཡོད། རྗེ་ཙོང་ཁ་པ་ཆེན་པོས་ཤུགས་ལྡན་བསྟེན་གསོལ་དགོས་པ་ནམ་ཡང་གསུང་མེད་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་ཐོག་བཞེངས་ཕྱོགས་འདི་དོན་དངོས་ཐོག་༸རྒྱལ་བའི་བཀའ་དང་། སྐྱེས་ཆེན་དམ་པའི་གསུང་གཉིས་ཀ་དང་ཡོངས་སུ་མཐུན་པ་ཙམ་མ་ཟད། བརྒྱུད་པའི་བླ་མ་རྣམས་ལ་དད་གུས་ཧ་ཅང་མཛད་ཐོག རི་བོ་དགེ་ལུགས་པའི་བསྟན་པར་དག་འཐེར་མཛད་པ་ཞིག་ཆགས་ཡོད།
འོན་ཀྱང་སྐལ་བཟང་རྒྱ་མཚོས་རང་ཉིད་ལ་བརྒྱུད་པའི་བླ་མ་འདི་དང་དེ་ཡོད་ཚུལ་སོགས་ཇི་ཙམ་ངོམ་ཡང་མང་ཚོགས་ཁྲོད་བླ་སློབ་ཞལ་འཛོམས་པའི་སྐལ་བ་ད་བར་བྱུང་མེད། དེར་བརྟེན་སྐལ་བཟང་རྒྱ་མཚོ་ལ་རང་གི་བླ་མ་འདི་ཡིན་ཞེས་དང་། དམ་པ་གོང་མ་འདིའི་སྐུ་དྲུང་ནས་བརྒྱུད་པ་ཡོད། ཅེས་གཅིག་རྐྱང་སྟོན་རྒྱུ་མེད་པར་རང་ཉིད་ཁེར་རྐྱང་འབའ་ཞིག་ཏུ་ལུས་ཡོད།
ཁོ་པ་དབྱིན་ཡུལ་དུ་ཆོས་བཤད་ཆེད་སྐད་བཏང་རྗེས་ཆོས་ཚོགས་དེ་དང་རྩོད་གླེང་བྱུང་ནས་ཁོ་པས་ཆོས་ཚོགས་དེར་དབང་བསྒྱུར་བྱས་རྗེས་ཕྱི་ལོ་ ༡༩༩༢ ལོར་བཀའ་གདམས་གསར་མ། ཞེས་མིང་བཏགས། ཕྱི་ལོ་ ༡༩༩༦ ལོར་དེ་སྔ་སྐལ་བཟང་རྒྱ་མཚོས་སློབ་གཉེར་བྱེད་ས་བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་འདུས་མང་ནས་ཁོ་པར་དམ་ཉམས་དང་ལོག་ལྟ་སྨྲ་བར་ངོས་འཛིན་ཐོག་གྲྭ་ཚང་ནས་གནས་དབྱུང་བཏང་བའི་དྲིལ་བསྒྲགས་སྤེལ། སྐལ་བཟང་རྒྱ་མཚོས་བཀའ་གདམས་གསར་མ་ཟེར་བ་གསར་གཏོད་བྱས་ནས་ནང་ཆོས་གསར་པ་ཞིག་བཟོས་ཡོད། དེ་ལྟར་བྱེད་མཁན་ཁོ་པ་ཁེར་རྐྱང་ཡིན་པ་ལས་བོད་པའི་བླ་མ་གཞན་སུ་ཡང་བྱུང་མྱོང་མེད། དེར་བརྟེན་ཁོ་པ་རང་ཉིད་ཁེར་རྐྱང་དུ་བསྡད་པ་མ་ཟད། ཁོ་པའི་རྗེས་འབྲང་པ་ཚོའང་འཛམ་གླིང་ནང་པ་སྤྱི་དང་འབྲེལ་བ་བཅད་ནས་གྲོགས་མེད་ཁེར་རྐྱང་དུ་ཟུར་འདོན་བྱས་ཡོད།
༤༽བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆོས་དད་རང་དབང་ལ་དམ་བསྒྲགས་མཛད་བཞིན་འདུག ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བཀའ་གདམས་གསར་མའི་བྱ་སྤྱོད་ལ་བལྟས་ན་སྐྱོན་བརྗོད་འདི་བཀའ་གདམས་གསར་མའི་ཆོས་ཚོགས་ལ་ཟུག་རྒྱུ་རེད།
བཀའ་གདམས་གསར་མའི་ཆོས་ཚོགས་ཟེར་བ་དེ་དང་དེའི་ཡན་ལག་ཆོས་ཚོགས་ནང་དུ་སྐལ་བཟང་རྒྱ་མཚོ་ཁོ་ན་ལས་གཞན་སུ་ལའང་དད་གུས་དང་ཡིད་ཆེས་བློས་འགེལ་བྱེད་མི་ཆོག་པ་མ་ཟད། ཆོས་ཚོགས་དེ་དང་ཡན་ལག་ཆོས་ཚོགས་དེ་དག་ནང་སློབ་ཁྲིད་བྱེད་མཁན་དགེ་རྒན་ཁོ་པ་ཚོས་སྐལ་བཟང་རྒྱ་མཚོས་བརྩམས་པའི་དཔེ་དེབ་ཁོ་ན་སློབ་ཁྲིད་བྱེད་དགོས་པ་དང་། སློབ་དགེ་དེ་དག་ཀྱང་བཀའ་གདམས་གསར་མའི་ནང་ཟབ་སྦྱོང་ཐོན་ནས་སྐལ་བཟང་རྒྱ་མཚོས་བསྐོ་གཞག་བྱས་པ་ཞིག་ངེས་པར་དུ་དགོས། བཀའ་གདམས་གསར་མའི་ཆོས་ཚོགས་ནང་ཐེངས་གཅིག་འཛུལ་ཞུགས་བྱས་ཟིན་པའི་སྐྱ་སེར་སུ་ཡིན་རུང་ཆོས་ཚོགས་ནས་ཐོན་པ་ཡིན་ན། དམྱལ་བར་སྐྱེས་ནས་མཐར་པའི་གོ་འཕང་འཐོབ་རྒྱུ་མིན་པའི་སྡིགས་སྐུལ་བྱེད་བཞིན་ཡོད།
༥༽རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་རྗེས་བོད་མི་ས་ཡ་དྲུག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བའི་རྒྱབ་ལྗོངས་གནས་སྟངས་ལ་དཔྱད་སྐབས། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་དོལ་རྒྱལ་རྗེས་འབྲང་པ་བོད་མི་ས་ཡ་བཞི་ཡོད་པ་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན། དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་སྐོར་སྒྲོག་བཞིན་པ་ནི་རྫུན་གཏམ་ཡིན་པ་ཧ་ཅང་གསལ་པོ་ཆགས་ཡོད།
ཚད་ལྡན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་ཁྲིམས་ཁང་སུ་གཅིག་ནས་ཀྱང་བཀའ་གདམས་གསར་མ་ཟེར་བ་དང་། ནུབ་ཕྱོགས་ཤུགས་ལྡན་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བྱུང་། ཟེར་བའི་སྐྱོན་བརྗོད་དེ་དག་ལ་ངོས་འཛིན་ནམ་ཡང་གནང་མེད། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་གྱི་ཁྲིམས་ཁང་མཐོ་བས་དོལ་རྒྱལ་རྗེས་འབྲང་པ་ཚོས་ཁྲིམས་གཏུག་བྱས་པ་རྣམས་ལ་རྒྱུ་མཚན་ཁུངས་ལུང་གང་ཡང་མེད་པར་བརྟེན་རྩིས་མེད་བཏང་ཡོད།
༦༽ནང་པའི་ཆོས་ཚོགས་གཞན་དང་ཡན་ལག་ཆོས་ཚོགས་ཁག དེ་བཞིན་དྲ་རྒྱའི་ཐོག་བགྲོ་གླེང་གི་གླེང་སྟེགས་གོ་སྒྲིག་གནང་མཁན། ཤེས་ཡོན་ཅན་གྱི་མི་སྣ། རྩོམ་པ་པོ། དཔེ་དེབ་འགྲེམས་སྤེལ་ཚན་པ་བཅས་ལ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱིས་ཁྲིམས་ལ་གཏུག་ནས་ཁོ་པར་མིང་ཤས་ངན་པ་བཟོ་གི་འདུག ཅེས་ཞུ་གཏུག་བྱ་རྒྱུ་ཡིན་ཚུལ་བརྗོད་ནས་སྡིགས་ར་ལན་མང་བཏང་བའི་ཡིག་ཆ་དངོས་སུ་སྟོན་རྒྱུ་ཡོད།
བཀའ་གདམས་གསར་མའི་ཆོས་ཚོགས་ནང་འཛུལ་ཞུགས་བྱས་པའི་ཚོགས་མི་རྣམས་ཀྱིས་ཆོས་ཚོགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་གལ་ཏེ་སྐྱོན་བརྗོད་བྱས་ཚེ་ཚོགས་མི་གཞན་དང་འབྲེལ་བ་གཅད་རྒྱུ་མ་ཟད། ཚོགས་པའི་ལས་ཤག་ནས་ཁྲིམས་འགལ་ཐོག་གནས་དབྱུང་བཏང་སྟེ། ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དངོས་སུ་མཐོང་ཡོད། ང་ཚོ་བཀའ་གདམས་གསར་མའི་ཚོགས་མི་ཟུར་པ་ཡིན་པར་བརྟེན། ཆོས་ཚོགས་དེ་ནི་ཆོས་ཚོགས་རང་གི་ཁེ་ཕན་ཆེད་སྒེར་གྱི་བདེ་དོན་ལ་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱེད་མཁན་ཞིག་ཡིན། མི་གྲངས་ ༡༢༠༠ བཀའ་གདམས་གསར་མའི་ཆོས་ཚོགས་ལ་ངོ་ལོག་ཏེ་ཕྱིར་ཐོན་བྱས་པ་མ་ཟད། དྲ་རྒྱ་ཞིག་ཀྱང་གསར་བཟོ་བྱས་ཡོད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དེ་འདྲ་ཞུ་མཁན་མེད།
༧༽ཕྱི་ལོ་ ༢༠༠༨ ལོར་སྐལ་བཟང་རྒྱ་མཚོས་ཁོ་པ་རང་ཉིད་ཀྱིས་བཀའ་གདམས་གསར་མའི་འགོ་ཁྲིད་ནས་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་ཡན་ལག་ཆོས་ཚོགས་ཚང་མར་ཡི་གེ་བཏང་བའི་ནང་འཁོད་པ་མ་ཟད། ད་དུང་ཡི་གེ་དེའི་ནང་ངོ་རྒོལ་སྐད་འབོད་གོ་སྒྲིག་བྱེད་མཁན་ནུབ་ཕྱོགས་དོལ་རྒྱལ་ཚོགས་པ་ཟེར་བ་དེ་ཡིན་སྐོར་བཤད་འདུག ང་ཚོས་དཔྱད་པ་བྱས་ན་ཚོགས་པ་དེའི་འགན་འཛིན་ཚང་མ་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ཀྱི་ཚོགས་མི་ཟུར་པའམ་ལས་ཐོག་ཤ་སྟག་ཡིན་པ་ལས་སླ་པོར་ཤེས་རྟོགས་ཐུབ་རྒྱུ་རེད། འོན་ཀྱང་བཀའ་གདམས་གསར་མས་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བ་དང་འབྲེལ་བ་མེད་ཚུལ་རྒྱུན་དུ་ཤོད་བཞིན་ཡོད། བཀའ་གདམས་གསར་མའི་ཡན་ལག་གཙོ་གྲས་ཡིན་པ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་བཀའ་གདམས་གསར་མའི་ཆོས་ཚོགས་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱེད་མཁན་མིང་ཐོ་བསྡུ་རུབ་བྱས་པ་མ་ཟད། ངོ་རྒོལ་སྐབས་འགྲོ་གྲོན་གྱི་ཞལ་འདེབས་ཀྱང་ཚ་ཚ་འུར་འུར་ཐོག་བསྡུ་རུབ་བྱེད་བཞིན་ཡོད།
༨༽བཀའ་གདམས་གསར་མ་ཟེར་བས་བརྒྱུད་ལམ་ཁག་ཏུ་རྫུན་གཏམ་དང་གཞན་མགོ་སྐོར་བསླུ་བྲིད་གཏོང་ཆེད་ཐབས་བྱུས་སྣ་ཚོགས་འོག་ལས་འགུལ་སྤེལ་བཞིན་ཡོད། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བའི་བྱེད་གཏེ་སྐལ་བཟང་རབ་བརྟནབཀའ་གདམས་གསར་མའི་གྲྭ་རྒན་ཞིག་ཡིན་འདུག ཁོ་པས་ཡུ་ཊུབ་ཀྱི་གསར་འགྱུར་དྲིལ་བསྒྲགས། ཟེར་བ་དེའི་ནང་སྐྱ་ཆས་གྱོན་ནས་གསར་འགོད་པ་ཡིན་ཁུལ་བྱས་ཡོད། དེར་བརྟེན་ཁོ་པས་རང་གི་གནས་སྟངས་དང་ལངས་ཕྱོགས་ངོ་མ་སྦས་གསང་བྱས་ཡོད། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་དྲ་རྒྱའི་ནང་འབར་མའི་ནང་པའི་བཙུན་པ་ཞིག་གིས་བསོད་སྙོམས་སློང་བཞིན་པའི་བརྙན་འཕྲིན་གཅིག་བཞག་སྟེ། རྒྱ་གར་ནང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གནས་དབྱུང་བཏང་སྐོར་གྱི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ལོག་པ་བྱས་པ་དེ་དག་དངོས་བདེན་ཡིན་མིན་གྱི་དཔྱད་ཞིབ་གང་ཡང་མ་གནང་བར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་སྤེལ་འདུག
༩༽ཕྱི་ལོ་ ༡༩༩༦།༡༩༩༧ ལོ་དང་ཕྱི་ལོ་ ༢༠༠༨ ལོ་བཅས་དུས་ཚིགས་སོ་སོར་ཁོ་པ་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་ཡོད། འོན་ཀྱང་དུས་ཚིགས་དེ་དག་ལ་ཞིབ་ཏུ་དཔྱད་སྐབས་དུས་སྐབས་དེའི་རིང་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ཀྱི་འགན་འཛིན་གཞོན་པས་ཚུལ་མིན་འཁྲིག་སྤྱོད་ཀྱི་བྱ་སྤྱོད་མ་རུང་བ་སྤེལ་བའི་གནས་ཚུལ་རྣམས་དྲ་རྒྱའི་ཐོག་ཕྱིར་བསྒྲགས་བྱུང་བའི་དུས་སྐབས་ཤིག་འཁེལ་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༡༩༩༦ ལོ་ནས་ཟུང་ད་བར་བཞེངས་ཕྱོགས་ལ་བསྒྱུར་བ་ནམ་ཡང་མཛད་མེད། དེར་བརྟེན་བཀའ་གདམས་གསར་མ་ཟེར་བས་ཕྱི་ལོ་ ༢༠༡༤ ལོར་སླར་ཡང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་དགོས་དོན་གང་ཡིན། ཞེས་ང་ཚོས་དྲི་བ་འདོན་རྒྱུ་ཡིན། བོད་མི་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འཐབ་རྩོད་ལ་ང་ཚོས་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རིག་གཞུང་འདི་ལ་བརྟེན་ནས་འཚོ་བཞིན་དུ་རིག་གཞུང་འདིར་རྒྱབ་སྐྱོར་མ་བྱེད་མཁན་ཚོའི་ཀུན་སློང་དང་ཁོ་པ་ཚོའི་བླ་མར་ངོས་འཛིན་བྱེད་བཞིན་པའི་སྐལ་བཟང་རྒྱ་མཚོའི་སློབ་སྦྱོང་སོགས་ལ་མཐུན་འགྱུར་གནང་མཁན་ཚོའི་བཀའ་དྲིན་ལ་བསམ་ཤེས་མེད་པ་དེར་དྲི་བ་འདོན་རྒྱུ་ཡིན། སྐལ་བཟང་རྒྱ་མཚོ་དང་ཁོ་པའི་རྗེས་འབྲང་པ་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུ་དེར་གཞི་རྩ་གང་ཡང་མེད་པར་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་གཞན་མགོ་སྐོར་བསླུ་བྲིད་གཏོང་རྒྱུའི་ལས་འགུལ་རིགས་དེ་དག་འཕྲལ་མར་མཚམས་འཇོག་བྱེད་རོགས།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༦ ཉིན།།
བོད་མིའི་སྒྲིག་འཛུགས་དྲ་བ་ནས།།